
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཉིན་གྲངས་བཅུའི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་སྡེ་འགན་ནས་དྲུང་གཞོན་བར་གྱི་བུད་མེད་ ༡༢ དང་སྐྱེད་པ་ ༩ བཅས་ཁྱོན་བསྡོམས་མི་གྲངས་ ༢༡ ལ་འཛིན་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་དང་། རྒྱ་གར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་ལས་འཆར་འགན་འཛིན་འབུམ་རམས་པ་ལྕམ་སྐུ་སུརཱ་སྦི་པཱཎ་དེ་ (Surabhi Pandey) ལགས་ལྷན་ཞུགས་ཀྱིས་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོ་ཚོགས་ཡོད་ཅིང་། ཐོག་མར་འབུམ་རམས་པ་སུ་རཱ་སྦི་པཱཎ་དེ་ལགས་ཀྱིས་སྦྱོང་བརྡར་གྱི་སློབ་ཚན་རེའུ་མིག་དང་། འབྲེལ་ཡོད་ལས་བྱེད། ལས་གཞིའི་སྒྲོམ་གཞི་དང་དམིགས་ཡུལ་བཅས་ཀྱི་ངོ་སྤྲོད་དང་སྦྲགས། ཉིན་གྲངས་བཅུའི་རིང་གོ་སྒྲིག་ཞུས་པའི་བྱེད་སྒོ་མི་འདྲ་བའི་ཐོག་ངོ་སྤྲོད་གནང་ཡོད།
དེ་རྗེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་གིས་བོད་མིའི་སྒྲིག་འཛུགས་ནས་སྲི་ཞུའི་ལས་བྱེད་རྣམས་ལ་ཐོག་མར་ལས་བྱེད་གསར་བསྐོའི་ཟབ་སྦྱོང་དང་། དེ་ནས་བར་མའི་ཟབ་སྦྱོང་། མཐོ་རིམ་གྱི་ཟབ་སྦྱོང་བཅས་ལས་བྱེད་ཀྱི་གནས་རིམ་ལ་གཞིགས་པའི་ཟབ་སྦྱོང་འབུལ་བཞིན་པའི་ངོ་སྤྲོད་དང་འབྲེལ། ཐེངས་འདིའི་ཟབ་སྦྱོང་ནི་བར་མའི་ཟབ་སྦྱོང་གི་གྲས་སུ་ཚུད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་ཞིང་། ཚོགས་བཅར་བ་རྣམས་ནས་མི་ཚེའི་ནང་རྒྱུན་མཐུད་སློབ་སྦྱོང་གནང་དགོས་གལ་དང་། ཟབ་སྦྱོང་ཁྲོད་ལྷག་བསམ་རྣམ་དག་གིས་སྦྱང་བརྩོན་གནང་དགོས་པའི་སྐུལ་འདེད་དང་འབྲེལ། ཟབ་སྦྱོང་དུ་བཞུགས་པའི་རིང་བློ་རྒྱ་ཆེན་པོས་ཉན་རྒྱུ་གལ་ཆེའི་རང་བཞིན་ཐོག་འགྲེལ་བརྗོད་གནང་སྟེ། བུམ་སྐྱོན་གསུམ་བྲལ་ཞེས། སྣོད་ཁ་སྦུབ་ལྟ་བུའི་སྐྱོན་དང་། ཞབས་རྡོལ་ལྟ་བུའི་སྐྱོན། སྣོད་དྲི་མ་ཅན་བཅས་སྐྱོན་གསུམ་དང་བྲལ་དགོས་པ་དང་། སྦྱོང་བརྡར་ཐོག་དོ་སྣང་ཆེན་པོས་ཉན་སྟེ་ཟབ་ཁྲིད་པ་རྣམས་ཀྱི་སློབ་ཁྲིད་གནང་བའི་ཤེས་བྱ་རྣམས་ཡིད་ལ་ངེས་དགོས་པའི་སྐུལ་ལྕག་གནང་ཡོད།

གཞན་ཡང་སྦྱོང་བརྡར་ཁྲོད་ཐོབ་པའི་ཤེས་བྱ་ཡོན་ཏན་རྣམས་སོ་སོའི་ལས་ཀའི་ཐོག་ལག་བསྟར་བྱེད་དགོས་པ་ནན་བརྗོད་གནང་བ་མ་ཟད། ཉིན་གྲངས་བཅུའི་རིང་གི་སྦྱོང་བརྡར་རིང་ཚོགས་བཅར་བ་རྣམས་ནས་རྒྱ་གར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་མཐུན་རྐྱེན་དང་ལྷག་པར་དཔེ་མཛོད་ཁང་བེད་སྤྱོད་གང་ལེགས་གཏོང་དགོས་པའི་སྐུལ་མ་གནང་། དེ་བཞིན་སྦྱོང་བརྡར་གྱི་ལས་རིམ་འདིའི་བརྒྱུད་ཤེས་ཡོན་ཙམ་མ་ཡིན་པར་འབྲེལ་ལམ་གོང་མཐོར་གཏོང་བའི་གོ་སྐབས་ཤིག་ཡིན་པས། ཚོགས་བཅར་བ་རྣམས་ནས་སྦྱོང་བརྡར་བསྟི་གནས་ཁང་གི་འབྲེལ་ཡོད་ལས་བྱེད་རྣམས་དང་འབྲེལ་འདྲིས་གནང་དགོས་པའི་སྐུལ་འདེད་དང་། དངོས་ཡོད་གནས་ཚུལ་ལ་རྒྱུས་མངའ་དང་ཉམས་མྱོང་ཐོབ་ཆེད་ལྟ་སྐོར་གྱི་ལས་རིམ་གྱི་གལ་གནད་སྐོར་གསལ་སྟོན་གནང་ཡོད།
སྲི་ཞུའི་ལས་བྱེད་རྣམ་པའི་ཤེས་ཡོན་དང་། ནུས་རྩལ། ཆེད་ལས་ཀྱི་ནུས་པ་བཅས་གོང་མཐོར་གཏོང་རྒྱུ་གལ་ཆེར་འཛིན་པའི་ཐོག་འཛིན་སྐྱོང་ནས་རྒྱུན་མཐུད་སྦྱོང་བརྡར་གྱི་ལས་རིམ་འདི་ལྟ་བུ་གོ་སྒྲིག་གནང་མུས་ཡིན་པ་འགྲེལ་བརྗོད་དང་འབྲེལ། ཚོགས་བཅར་བ་རྣམས་ནས་གོ་སྐབས་དམ་འཛིན་གྱིས་ནུས་པ་གོང་འཕེལ་བཏང་སྟེ་སོ་སོའི་ལས་འགན་ཐོག་ནུས་པ་ལྡན་པའི་ཞབས་འདེགས་གྲུབ་དགོས་པའི་འབོད་སྐུལ་གནང་ཡོད།
དེ་ནས་ཚོགས་བཅར་བ་རྣམས་ལ་གཞན་གྱི་ཚོར་བ་ངོས་འཛིན་དང་། བསམ་གཞིག གདེང་འཇོག་བཅས་བྱེད་པའི་གལ་གནད་གསལ་སྟོན་གྱིས་གཞན་ཚོར་ཤེས་ནུས་དང་སྙིང་རྗེའི་སྐོར་ཕན་ཚུན་གྲོས་བསྡུར་གྱི་བྱེད་སྒོ་བསྐོང་ཚོགས་ཀྱིས་དབུ་འབྱེད་མཛད་སྒོ་མཇུག་སྒྲིལ་ཡོད།

ཉིན་གྲངས་བཅུའི་རིང་གི་ཟབ་སྦྱོང་ཁྲོད་སྤུས་ཚད་ལྡན་པའི་འགོ་ཁྲིད་དང་། ནུས་པ་ལྡན་པའི་སྟངས་འཛིན་དང་འབྲེལ་ལམ། སེམས་ངལ་སྟངས་འཛིན། ལམ་སྟོན་དང་ནུས་རྩལ་ཡར་རྒྱས། མཉམ་རུབ་ཀྱི་ནུས་པ། རྩོད་རྙོག་སྟངས་འཛིན། ཕྱི་དངུལ་ལེན་བེད་ཕྱོགས་པའི་ཁྲིམས་སྒྲིག རྒྱ་གར་གྱི་དེབ་སྐྱེལ་ཁྲིམས་སྒྲིག (Societies Registration Act) དངོས་ཟོག་དང་ཞབས་ཞུའི་དཔྱ་ཁྲལ། སེམས་ཚོར་གྱི་རིག་རྩལ། བརྡ་འཕྲིན་དང་བཅོས་མའི་རིག་རྩལ། དྲ་རྒྱའི་བདེ་འཇགས། ཚོགས་པའི་གནད་དོན་གཙོ་ཆེ་ཁག་སོགས་ཀྱི་ཐོག་ཟབ་ཁྲིད་གནང་རྒྱུ་ཡིན་འདུག
ལས་རིམ་ཁྲོད་རྒྱ་གར་གྱི་སྲིད་འཛིན་ཕོ་བྲང་ (Rashtrapati Bhavan) དང་ཨག་ར་ (Agra) བཅས་སུ་ལྟ་སྐོར་བསྐྱོད་རྒྱུའི་ལས་རིམ་གོ་སྒྲིག་གནང་ཡོད་པ་དང་། སྦྱོང་བརྡར་གྱི་ལས་རིམ་དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༢༠ ཉིན་མཇུག་སྒྲིལ་གི་ཡོད་པ་རེད།

གཞན་ཡང་ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༥ ནས་ ༧ བར་འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་༸སྐྱབས་མགོན་༸གོང་མ་ཁྲི་རབས་ཞེ་བཞི་པ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གི་ཁྲི་འདོན་མཛད་སྒོའི་ཐོག་ཕེབས་ཞུགས་གནང་བ་དང་། ཕྱི་ཟླ་ ༡༡ ཚེས་ ༩ ཉིན་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཨ་ནུ་རཀ་སིངྒ་ཋ་ཀུར་ (Anurag Singh Thakur) ལགས་དང་མཇལ་འཕྲད་ཀྱིས་བོད་ཀྱི་གནད་དོན་སྐོར་ངོ་སྤྲོད་དང་འབྲེལ་བོད་དོན་ཐོག་རྒྱུན་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་བཅས། །




