༄༅། །ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༡ ཚེས་ ༠༩ ནས་ཕྱི་ཚེས་ ༡༤ བར་ཉིན་གྲངས་ ༠༦ རིང་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་རྒྱ་གར་བྱང་ཕྱོགས་དང་། དབུས་ཁུལ། ལྷོ་ཕྱོགས་བཅས་ཀྱི་ས་གནས་འགོ་འཛིན་རྣམས་ལ་འགོ་ཁྲིད་རིག་རྩལ་སྐྱེད་སྲིང་གི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་ཟབ་སྦྱོང་དབུ་འབྱེད་མཛད་སྒོའི་ཐོག་མར་རྒྱ་གར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་ངེས་སྟོན་པ་སྐུ་ཞབས་ཏྲི་པ་ཐི་ (S N Tripathi) ལགས་སུ་མཇལ་དར་སྒྲོན་འབུལ་དང་། རྒྱ་གར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་ལ་དྲན་རྟེན་ཞིག་ཕུལ་ཡོད། དེ་ནས་རྒྱ་གར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་ལས་གཞི་འབྲེལ་མཐུད་པ་སུ་ར་བྷི་པན་ཊེ་ (Surabhi Pandey) ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ཕེབས་བསུ་དང་འབྲེལ་སྦྱོང་བརྡར་བསླབ་གཞི་ཁག་གཅིག་ངོ་སྤྲོད་གནང་རྗེས་དམིགས་བསལ་སྐུ་མགྲོན་མཆོག་གིས་གསུང་བཤད་གནང་ཡོད་པ་རེད།
སྐབས་དེར་འདེམས་ལྷན་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས་འགོ་ཁྲིད་ནུས་སྟོབས་སྐྱེད་སྲིང་གི་ཟབ་སྦྱོང་དེའི་དམིགས་ཡུལ་ངོ་སྤྲོད་དང་། ས་གནས་འགོ་འཛིན་རྣམས་ནས་འབྱུང་འགྱུར་གྱི་ཟབ་སྦྱོང་ཁག་ལ་མཉམ་ལས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། དེ་བཞིན་སྐུ་མགྲོན་གཙོ་བོ་རྒྱ་གར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་ངེས་སྟོན་པ་སྐུ་ཞབས་ཏྲི་པ་ཐི་ལགས་ཀྱིས་དུས་ཚོད་སྟངས་འཛིན་གྱི་གལ་གནད་དང་། ཁོང་སྒེར་ངོས་ནས་མི་ལོ་ ༣༠ ལྷག་གཞུང་ཞབས་གནང་བའི་ཉམས་མྱོང་དང་འབྲེལ་ཏེ་དུས་ཚོད་སྟངས་འཛིན་བྱ་རྒྱུ་ནི་འགོ་ཁྲིད་ཀྱི་རིག་རྩལ་གལ་ཆེ་ཤོས་ཤིག་ཡིན་པར་འགྲེལ་བརྗོད་གནང་། ཕྱོགས་མཚུངས་ཁོང་གིས་རྒྱ་གར་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་དམིགས་ཡུལ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་དྲན་གསོ་གནང་བ་དང་ཆབས་ཅིག་མགོན་པོ་མཆོག་གི་ཐུགས་བསྐྱེད་དགོངས་གཞི་རྣམས་ལ་བསྔགས་བརྗོད་ཚད་མཐོ་གནང་སྟེ་གསུང་བཤད་མཇུག་བསྡུས་ཡོད་པ་བཅས།།