༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༤ ཚེས་ ༡༧ ཉིན་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་དྷ་སའི་ནོར་བུ་གསོལ་མགྲོན་ཁང་དུ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་བཀའ་ཟུར་ཀརྨ་ཡེ་ཤེས་མཆོག་དང་། ལས་བྱེད་འདེམས་ལྷན་གྱི་དྲུང་ཆེ་བསྟན་འཛིན་ལེགས་གྲུབ་ལགས། ཟབ་ཁྲིད་པ་སྐུ་ཞབས་ཝི་ཝེག་ཤར་མ་ལགས་གཙོས་པའི་ལྷན་ཁང་ཁག་གི་དྲུང་ཆེ་དང་ལྷན་ཁང་སོ་སོའི་སྦྱོང་བརྡར་འབྲེལ་མཐུད་པ་བཅས་ཁྱོན་ཚོགས་བཅར་བ་གྲངས་ ༢༥ ཙམ་ཚོགས་ཞུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༥ ཙམ་ལ་ཟབ་སྦྱོང་དབུ་འཛུགས་ཀྱིས་ཐོག་མར་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་གིས་ཟབ་སྦྱོང་གི་དགོས་དམིགས་དང་འབྲེལ་ནས་གསུང་བཤད་གནང་སྐབས་སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཁྲིམས་ཀྱི་འོག་གནས་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དང་རྩ་འཛིན་ལམ་སྟོན་ལ་བརྩི་བཀུར་དགོས་གལ་ཡིན་ཞིང་། ལྷག་པར་སྲི་ཞུའི་ལས་བྱེད་ཡིན་པའི་ཆ་ནས་གང་ཟག་སུ་ཡིན་མིན་ལ་མ་ལྟོས་པར་ཁྲིམས་ཀྱི་རྭ་བའི་ནང་ནས་ཕྱག་ལས་གནང་རྒྱུ་གནད་འགག་ཆགས་ཡོད་ཅེས་དང་། དེ་ནས་ཁོང་གིས་བཅའ་ཁྲིམས་ཀྱི་དོན་ཚན་བཞི་པ་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན་ཞེས་པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་དང༌། དཔལ་འབྱོར། སྤྱི་ཚོགས། རིག་གཞུང་གི་ཐོབ་ཐང༌། ཡུལ་མི། སྲིད་དོན་གྱི་ཐོབ་ཐང་བཅས་ལ་བརྩི་སྲུང་བྱེད་པ་དང༌། འཛམ་གླིང་ཡུལ་ལུང་གཞན་ཁག་ནས་ཀྱང་བརྩི་སྲུང་ཡོང་ཐབས། ལྷག་པར་བོད་དོན་བདེན་མཐའ་གསལ་ཐབས་དང༌། བོད་མི་ཡོངས་ཀྱི་བསམ་སྤྱོད་དང་དངོས་པོའི་ཁེ་ཕན་ཡར་རྒྱས་གཏོང་བའི་ལས་འགན་བསྒྲུབ་རྒྱུ་ཞེས་ཡིན་པས་རྩ་དོན་དེའི་ཐོག་ནས་ཕྱག་ལས་གནང་དགོས་ཀྱི་ཡོད་ཅེས་གསུངས།
དེ་བཞིན་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་གིས་བཅའ་ཁྲིམས་ལེའུ་གསུམ་པ་བོད་མིའི་སྒྲིག་འཛུགས་ཀྱི་བྱེད་སྒོ་ལམ་སྟོན་གྱི་དོན་ཚན་ ༡༥ དང་། ༡༦། ༡༧། ༡༨ བཅས་དོན་ཚན་ཁག་བཞི་ངོ་སྤྲོད་དང་། དེ་དག་སྲི་ཞུའི་ལས་བྱེད་ཅིག་ཡིན་པའི་ཆ་ནས་ཡིད་ལ་འཇོག་དགོས་རྒྱུའི་གལ་གནད་ཐོག་ནན་བརྗོད་དང་། ད་བར་ལྷན་ཁང་ཁག་དང་སྒྲིག་འཛུགས་ཁག་ནས་ལས་བྱེད་རྣམས་ལ་སྦྱོར་བརྡར་རིམ་པ་ཕུལ་ཡོད་ནའང་སྲིད་བྱུས་ཀྱི་ཡིག་ཆ་དམིགས་བསལ་མེད་པ་དང་། སྦྱོང་བརྡར་ད་ེདག་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་དགོས་མཁོ་དང་བསྟུན་ནས་ཟབ་སྦྱོང་ཕུལ་བ་ལས་སྤྱི་ཡོངས་ཀྱི་སྲིད་བྱུས་གཏན་འབེབས་མེད་སྟབས། བཀའ་ཤག་སྐབས་བཅུ་དྲུག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཏན་འབེབས་གནང་བ་དང་ཆབས་ཅིག དེའི་ནང་དུ་ལས་བྱེད་ཀྱི་ནུས་པ་གོང་སྤེལ་གྱི་དགོས་མཁོ་ལ་གཟིགས་ཏེ་སྦྱོང་བརྡར་སྤྲོད་ཕྱོགས་ཀྱི་སྲིད་བྱུས་གཏན་འབེབས་གནང་ཡོད་སྐོར་འགྲེལ་བརྗོད་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལ་སྦྱོང་བརྡར་སྤྲོད་ཕྱོགས་ཀྱི་སྲིད་བྱུས་དེའི་ནང་ཁྲིམས་སྒྲིག་གི་སྒྲོམ་གཞི་དང་། ལག་བསྟར། སྦྱོང་བརྡར་གྱི་བྱེད་སྒོ་དང་འགན་དབང་། སྦྱོང་བརྡར་སྤྲོད་ཕྱོགས་ཀྱི་ཐབས་ལམ། སྦྱོང་བརྡར་དང་འབྲེལ་བའི་དཀའ་སེལ་ཞུ་གཏུག་སོགས་ཚུད་པའི་ལེའུ་དྲུག་དང་དོན་ཚན་བཅུ་བཞི་ཡོད་སྐོར་ངོ་སྤྲོད་གནང་གྲུབ་མཐར་ཟབ་ཁྲིད་པ་སྐུ་ཞབས་ཝི་ཝེག་ཤར་མ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྦྱོང་བརྡར་སྲིད་བྱུས་ཐོག་ཟབ་ཁྲིད་དབུ་འཛུགས་གནང་ཡོད་པ་བཅས།།




