ཕྱི་ལོ་ ༢༠༢༥ ཟླ་ ༡༢ པའི་ཚེས་ ༢༣ ཕྱི་དྲོ་ཕྱག་ཚོད་ ༦ ནས་ ༧ བར་ལྡི་ལི་བོད་ཁྱིམ་སྡོད་ཁང་དུ། ལྡི་ལི་ས་གནས་འགོ་འཛིན་དང་སྡོད་ཁང་འགན་འཛིན་ཚོགས་ཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་སྐོུ་ཀརྨ་ཡེ་ཤེས་མཆོག་ནས་ལྡི་ལིའི་མཐོ་སློབ་ཁག་གི་བོད་ཕྲུག་སློབ་མ་རྣམས་ལ་ཤེས་ཡོན་གྱི་གལ་གནད་དང་། དེར་ཤུགས་གནོན་དགོས་གལ། ཤེས་ཡོན་ཙམ་གྱི་མི་འདང་བར་ལྷག་བསམ་དང་སྤྱི་སེམས་དགོས་གལ་སྐོར་དང་། ཡིག་རྒྱུགས་སྐབས་དོ་སྣང་ཞུ་སྒོ་ཁག བོད་མི་ཞིག་ཡིན་པའི་འགན་ཁུར་དང་བོད་མིའི་སྒྲིག་འཛུགས་ནང་སྲི་ཞུའི་གོ་སྐབས་བཅས་ཀྱི་ཐད་གསུང་བཤད་གནང་བ་མ་ཟད། སྲི་ཞུར་ཞུགས་རྒྱུའི་གཞི་རྩའི་ཆ་རྐྱེན་དང་། ས་མིག་སོགས་ཀྱི་ཐོག་ལ་འགྲེལ་བརྗོད་ཞིབ་ནན་གནང་ཡོད།
ད་དུང་གསུངས་དོན། བོད་མི་བཙན་བྱོལ་བ་ཞིག་ཡིན་པས་ཆ་ནས་ཤེས་ཡོན་ལ་དོ་སྣང་དགོས་པ་དང་། རང་ཉིད་ཙམ་མིན་པར་ཕ་མ་སྤུན་མཆེད་དང་བོད་སྤྱི་བའི་རྩ་དོན་ལ་ཕན་པའི་བོད་མི་བཟང་པོ་ཞིག་བྱེད་དགོས་བཅས་གསུངས་ཡོད། མུ་མཐུད་དེ་གསུངས་དོན་ལ་བོད་ཕྲུག་སློབ་མ་ཚོས་རང་གི་སློབ་གྲོགས་མི་རིགས་གཞན་རྣམས་ལ་བོད་དོན་འགྲེལ་བརྗོད་ཀྱིས་གོ་རྟོགས་སྤེལ་རྒྱུ་ནི་འབྱུང་འགྱུར་བོད་དོན་དྲིལ་བསྒྲིགས་དང་ཞུ་གཏུགས་ལ་ཁེ་ཕན་ཡོང་རྒྱུ་ཡིན་པ་དང་། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཡིད་ལ་བཅངས་པའི་ཐོག་ནས་བོད་ཕྲུག་གཞོན་སྐྱེས་རྣམས་ནས་བོད་ཀྱི་རྩ་དོན་ཐོག་འགན་ཁུར་ཆེ་བཞེས་དགོས་ལུགས་སོགས་གསུངས་ཏེ་མཇུག་བསྡོམས་ཞུས་ཏེ་དྲི་བ་དང་འདྲི་ལན་ཁག་ཅིག་ལ་ལེན་འདེབས་གནང་ཡོད།
དེ་རྗེས་ལྡི་ལི་བསམ་ཡས་གླིང་ས་གནས་འགོ་འཛིན་རྡོ་རྗེ་ཚེ་རིང་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ལས་རིམ་མཇུག་སྒྲིལ་བྱུང་ཡོད། ཕྱི་ཚེས་ ༢༤ ཉིན་འདེམས་ལྷན་ཚོགས་གཙོ་མཆོག་ཝ་ར་ཎ་སིར་ཕེབས་ཐོན་གནང་ཡོད་པ་དང་ཁོང་གི་ལྷན་དུ་འདེམས་ལྷན་ལས་བྱེད་བསྟན་འཛིན་འབྱུང་གནས་ལགས་ལྷན་བཅར་ཞུས་ཡོད། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཕྱི་ལོ་ ༢༠༢༥ ཟླ་ ༡༢ པའི་ཚེས་ ༢༥ ལ།།


