༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༦ ཚེས་ ༡༣ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༤ བར་ཉིན་གྲངས་བཅུ་རིང་བོད་མིའི་སྒྲིག་འཛུགས་དབུས་ལས་ཁུངས་ཁག་གི་རྩིས་པ་རྣམས་ལ་ཟབ་སྦྱོང་གོ་སྒྲིག་གནང་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་པའི་ཐོག་ཕྱི་དྲིལ་ཀམ་པུ་ཊར་སྡེ་ཚན་གྱི་ཚོགས་ཁང་དུ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་དང་། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཚབ་བསྟན་འཛིན་ལེགས་གྲུབ་ལགས། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་ཟུང་དྲུང་དཀོན་མཆོག་དབང་འདུས་ལགས། དབུས་ལས་ཁུངས་ཁག་གི་རྩིས་པ་བཅས་ལྷན་ཞུགས་ཐོག་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་ཡོད།
དེ་ཡང་ཐོག་མར་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཟབ་སྦྱོང་གི་སྦྱོང་ཚན་དང་། ཟབ་ཁྲིད་པ་བཅས་ངོ་སྤྲོད་གནང་གྲུབ་མཚམས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་ཟབ་སྦྱོང་གི་དགོས་དམིགས་སོགས་ཀྱི་ཐད་གསུང་བཤད་གནང་སྐབས་ཁོང་གིས་དེང་གི་དུས་སུ་དཔལ་འབྱོར་ནི་འཚོ་བའི་མཐུན་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན་པར་སོང་རྩིས་ཀྱི་ལས་དོན་གལ་གནད་ཆེན་པོ་ཡིན་པ་ངོ་སྤྲོད་དང་སྦྲགས། ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། བོད་མིའི་སྒྲིག་འཛུགས་ཀྱི་གཏན་འབེབས་སྒྲིག་གཞི་ཁག་དང་། དུས་ནས་དུས་དུ་ལམ་སྟོན་ཇི་ཕེབས་ངོ་སྤྲོད་ཞུ་རྒྱུ་དང་། རྩིས་དང་འབྲེལ་བའི་དཀའ་གནད་ཡོ་བསྲང་གིས་སྔར་ལྷག་ཡར་རྒྱས་ཡོང་ཐབས། རྒྱལ་ཁབ་སོ་སོའི་ཕྱི་དངུལ་ལེན་ཕྱོགས་དང་འབབ་ཁྲལ་སོགས་ཀྱི་གནས་སྟངས་དུས་བསྟུན་ཁ་གསལ་འགྲེལ་བརྗོད་ཞུ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་སོང་།
གཞན་ཡང་ཁོང་གིས་རྩིས་པ་རྣམས་ནས་ལས་ཁུངས་སོ་སོའི་དཔལ་འབྱོར་གནས་བབ་གོང་རིམ་ལ་སྙན་སེང་ཞུ་གལ་ཆེ་བའི་སྐོར་དང་། རྩིས་ཁྲམ་ (Tally) བྱུང་རིམ་ངོ་སྤྲོད། རྩིས་པ་སོ་སོའི་རིག་རྩལ་ལ་བརྟེན་ནས་རྩིས་ཀྱི་རིག་པ་གསར་འདོན་ཡོང་ཐབས་འབད་རྩོལ་གནང་དགོས་པ་སོགས་ཀྱི་སྐོར་གསུང་བཤད་གནང་སོང་།
ཨ་རིའི་རོགས་ཚོགས་ (NDI) ཡི་མཐུན་འགྱུར་འོག་ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་གོ་སྒྲིག་ཞུས་པའི་ཉིན་བཅུའི་རྩིས་པའི་ཟབ་སྦྱོང་སྐབས་ཟབ་ཁྲིད་པ་དཔལ་འབྱོར་དྲུང་ཚབ་བསྟན་འཛིན་ལེགས་གྲུབ་ལགས་དང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་ལས་བྱེད་དཀོན་མཆོག་དབང་འདུས་ལགས། སྔོན་རྩིས་སྡེ་ཚན་གྱི་འགན་འཛིན་དྲུང་གཞོན་རྣམ་རྒྱལ་དགེ་འདུན་ལགས། སྐུ་ཞབས་རཱ་ཇེཤ་སེ་ཋི་ (Rajesh Sethi) ལགས་བཅས་ཀྱིས་རྩིས་ཞིབ་སྙན་ཐོ་དང་འབྲེལ་བའི་གནད་དོན། རྩིས་ཀྱི་ལྟ་གྲུབ་དང་རྩིས་ཁྲ་ཉར་ཕྱོགས། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་སྒྲིག་གཞི་ཁག་གིས་གཙོས་ལམ་སྟོན་ཁག་དང་། བཙན་བྱོལ་བོད་མིའི་ལོ་འཁོར་སྔོན་རྩིས་དང་བར་བརྒལ་བཀའ་འཁྲོལ། ཁ་སྒྱུར་བཅས་དབུལ་ཕྱོགས་དང་དཀའ་སེལ་ཐབས་ལམ། རྒྱུན་གྲོན་དང་དམིགས་བསལ་རྩིས་ཁོངས་ནས་དགོས་དངུལ་ཞུ་འདོན་བྱེད་ཕྱོགས་དང་འབྲེལ་ལམ་སྟོན་ཁག་ངོ་སྤྲོད་དང་། ཁྲིམས་སྒྲིག་དགོངས་དོན་ལྟར་ཞུ་ཕྱོགས་ཇི་དགོས་དང་དཀའ་སེལ་ཐབས་ལམ་སྐོར། ཕྱི་དངུལ་ལེན་བེད་ཁྲིམས་སྒྲིག བབས་ཁྲལ་བཅས་ཀྱི་ཐོག་མཉམ་ཞུགས་པ་རྣམས་ལ་ངོ་སྤྲོད་ལམ་སྟོན་གནང་རྒྱུ་ཡིན་འདུག་པ་བཅས།།