༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༤ ནས་ ༢༤ བར་ཉིན་ ༢༡ རིང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒོ་སྒྲིག་འོག་རྡ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་ལས་བྱེད་གསར་འདེམས་གྲངས་ ༡༧ ལ་བོད་ཨིན་སྐད་ཡིག་གཙོ་འགྱུར་ཐོག་འཛིན་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས་གནང། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་དང་། དྲུང་གཞོན་ཀརྨ་འཕྲིན་ལས་ལགས། འདེམས་བསྐོ་ལྷན་ཁང་གི་འབྲེལ་ལས་རྣམ་པ། སྲི་ཞུའི་ལས་བྱེད་གསར་པ་རྣམ་པ་བཅས་ཚང་འཛོམས་ཐོག་ཟབ་སྦྱོང་དངོས་སུ་དབུ་འཛུགས་ཞུས་པའི་ཐོག་མར་ཀརྨ་འཕྲིན་ལས་ལགས་ཀྱིས་སློབ་ཚན་དང་སློབ་ཁྲིད་པ་ངོ་སྤྲོད་དང་ཟབ་སྦྱོང་སྐབས་ཀྱི་སྒྲིག་གཞི་ཁག་ངོ་སྤྲོད་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་ནང་ཉེ་ལམ་གསར་འདུ་བསྐོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གྲངས་ ༡༧ མཉམ་ཞུགས་ཀྱིས་ཟླ་འདིའི་ཚེས་ ༢༤ བར་བོད་ཀྱི་སྐད་ཡིག་དང་། ལོ་རྒྱུས། གཞུང་འབྲེལ་ཡིག་བཟོ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གནང་ཕྱོགས། བཙན་བྱོལ་བོད་མིའི་བཅའ་ཁྲིམས། དབུ་མའི་ལམ་སོགས་ཀྱི་སྐོར་སློབ་སྟོན་གནང་གི་ཡོད་པ་བཅས།།