༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ནང་ལས་བྱེད་དགོས་མཁོ་བཞིན། ཟུང་འབྲེལ་དྲུང་ཆེ་ ༡ དང་། དྲུང་གཞོན་ ༢ ། སྡེ་ཚན་འགན་འཛིན་ ༣ རྒན་དྲུང་ ༥ བཅས་བསྡོམས་ལས་བྱེད་གྲངས་ ༡༡ གསར་འདེམས་ཞུ་གཏན་འཁེལ་བས། གཤམ་གསལ་ཆ་རྐྱེན་ཚང་ཞིང་རང་རེའི་རྩ་དོན་ཐོག་སྲི་ཞུའི་ཞབས་འདེགས་ཞུ་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༧ ཕྱི་དྲོ་ཕྱག་ཚོད་ ༥ པ་འགྱངས་མེད་དྲྭ་ཐོག་ (online) འཚང་སྙན་འགེངས་འབུལ་ཞུ་དགོས།
ཀ༽ ཟུང་འབྲེལ་དྲུང་ཆེ་ ༡ དང་དྲུང་གཞོན་ ༢ འདེམས་སྒྲུག་གི་རྒྱུགས་ལེན་ཆ་རྐྱེན་གཤམ་གསལ།
༡༽ ཤེས་ཚད། ཚད་ལྡན་མཐོ་སློབ་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ (Bachelor’s Degree & Marks Card) ཐོན་པ། ཡང་ན་ལས་བྱེད་འདེམས་ལྷན་ནས་གོང་མཚུངས་ངོས་ལེན་རྩ་འཛིན་འཕེར་བའི་ཤེས་ཚད་ལག་འཁྱེར་ངེས་པར་དགོས།
༢༽ ཉམས་མྱོང་། ཟུང་དྲུང་གནས་རིམ་ཐོག་འདེམས་རྒྱུགས་སུ་ཞུགས་པ་ལ་དེ་སྔོན་ལས་ཀའི་ཉམས་མྱོང་ལོ་ ༨ བརྒྱད་དང་། དྲུང་གཞོན་གནས་རིམ་དུ་ཉམས་མྱོང་ལོ་ ༤ ལས་མི་ཉུང་བའི་ཉམས་མྱོང་དགོས་པ། ཉམས་མྱོང་དེ་བཞིན་ཞོར་ལས་མིན་པར་ལས་དུས་ཆ་ཚང་ཡིན་པ་དགོས།
༣༽ ལོ་ཚད། ཟུང་དྲུང་དང་དྲུང་གཞོན་ལ་ ༢༠༢༣།༦།༧ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། རང་ལོ་ ༣༥ ལས་མ་བརྒལ་བ་དགོས།
ཁ༽ སྡེ་ཚན་འགན་འཛིན་ ༣ དང་རྒན་དྲུང་ ༥ འདེམས་སྒྲུག་གི་རྒྱུགས་ལེན་ཆ་རྐྱེན་གཤམ་གསལ།
༡༽ ཤེས་ཚད། ཤེས་ཚད་ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ (Bachelor’s Degree & Marks Card) ཐོན་པའམ། ཡང་ན་དེ་དང་མཉམ་པའི་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ངོས་ལེན་རྩ་འཛིན་འཕེར་བའི་ཤེས་ཚད་ལག་འཁྱེར་ཡོད་པ་དགོས།
༢༽ ལོ་ཚད། ༢༠༢༣།༦།༧ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། རང་ལོ་ ༤༠ ལས་མ་བརྒལ་བ་དགོས།
གོང་གསལ་གནས་རིམ་སོ་སོར་འདེམས་སྒྲུག་ཆ་རྐྱེན་ཐོག་གཤམ་གསལ་ཆ་རྐྱེན་རྣམས་ངེས་པར་ཚང་དགོས།
༣༽ རྒྱུགས་གཞི། བོད་ཨིན་གཉིས་ཀྱི་སྐད་ཡིག་ཐོག་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ།
༤༽ རྒྱུགས་འཕྲོད་པར། རྒྱུགས་གཞི་བོད་ཨིན་གཉིས་སོ་སོར་ཉུང་མཐའི་བརྒྱ་ཆ་ ༥༠ ཐམ་པ་ལོན་པ་དགོས།
༥༽ དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༦༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།
༧༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། ས་རྟགས་འཁོད་པ་ངོ་མ།
༨༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།འཚང་སྙན་འབུལ་མཁན་རྣམས་ནས་གཤམ་གསལ་དྲྭ་མཐུད་ནང་ཡོད་འཚང་སྙན་འགེངས་ཤོག་ཞིབ་བཀང་གིས་ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༧ ནང་ཚུན་དྲྭ་ཐོག་འབུལ་ལམ་ཞུ་དགོས། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འགེངས་ཤོག་འབྱོར་བ་ཆ་ཚང་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ཚང་བ་ཚོར་ཡིག་རྒྱུགས་གཏོང་སླད་སྐབས་མཚམས་འབོད་བརྡ་གཏང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༣ ཟླ་ ༥ ཚེས་ ༨ ལ།།
Secretary,
Public Service Commission
Central Tibetan Administration
Gangchen kyishong, Dharamsala-176215 (HP)
ཟུང་དྲུང་དང་དྲུང་གཞོན་འགེངས་ཤོག།
https://forms.gle/rNmytzwop1xChQAc7
སྡེ་འགན་དང་རྒན་དྲུང་འགེངས་ཤོག།
https://forms.gle/ovXbjyFF56U22Wdu8