༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༦ ཉིན་༸སྐུའི་འཁྲུངས་སྐར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཞབས་ལོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་ལས་བྱེད་གསུམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལེགས་གསོའི་གཟེངས་རྟགས་ཕྱག་འཁྱེར་གནང་ཡོད།

༡༽ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས་ནི། ཕྱི་ལོ་ ༢༠༠༠ ཟླ་བ་ ༢ ཚེས་ ༥ ནས་ལས་དོའི་གནས་རིམ་དུ་ཐོག་མར་སྲི་ཞུ་བར་བསྐོ་གཞག་གིས་མན་སྤར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་དང་། ཕྱི་ལོ་ ༢༠༠༡ ཟླ་བ་ ༡༡ ཚེས་ ༢༡ ནས་ཆེས་མཐོའི་ཁྲིམས་ཁང་དུ་གནས་སྤོས། ཕྱི་ལོ་ ༢༠༠༥ ཟླ་བ་ ༩ ཚེས་ ༡༣ ནས་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས་ཀྱིས་ཕྱི་ལོ་ ༢༠༢༡ ཟླ་བ་ ༩ ཚེས་ ༡༦ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་གནས་རིམ་ཐོག་སྲི་ཞུའི་ཞབས་འདེགས་ཞུ་མུས།

༢༽ བདེ་སྲུང་ལས་ཁུངས་ཀྱི་ཟུང་དྲུང་ཉི་མ་ཚེ་རིང་ལགས་ནི། ཕྱི་ལོ་ ༢༠༠༠ ཟླ་བ་ ༢ ཚེས་ ༥ ནས་སྡེ་འགན་གནས་རིམ་དུ་ཚོད་ལྟར་བསྐོ་གཞག་གིས་བདེ་སྲུང་ལས་ཁུངས་སུ་ལས་འགན་བཀོད་སྒྲིག་གནང་བ་དང་། རིམ་བཞིན་གནས་རིམ་གོང་མར་གནས་སྤར། ཕྱི་ལོ་ ༢༠༢༡ ཟླ་བ་ ༥ ཚེས་ ༥ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་བདེ་སྲུང་ལས་ཁུངས་ཀྱི་ཟུང་དྲུང་དུ་སྲི་ཞུའི་ཞབས་འདེགས་ཞུ་མུས།

༣༽ འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་རྣམ་རྒྱལ་དགེ་འདུན་ལགས་ནི། ཕྱི་ལོ་ ༢༠༠༠ ཟླ་བ་ ༢ ཚེས་ ༢༩ ནས་ལས་དོའི་གནས་རིམ་དུ་ཐོག་མར་སྲི་ཞུ་བར་བསྐོ་གཞག་གིས་རཇ་སྤུར་བཟོ་གྲྭའི་རྩིས་པར་ལས་འགན་བཀོད་སྒྲིག་གནང་བ་དང་། ཕྱི་ལོ ༢༠༠༠ ཟླ་བ་ ༡༠ ཚེས་ ༡༨ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་བལ་ཡུལ་སྤོག་ར་བཀྲིས་དཔལ་འཁྱིལ་ས་འགོ་ལས་ཁུངས་ཀྱི་ལས་དྲུང་། བལ་ཡུལ་སྤོག་ར་བཀྲིས་གླིང་དང་ནུབ་རི་སོགས་ཀྱི་ས་གནས་འགོ་འཛིན་ལས་ཚབ། བལ་ཡུལ་མཆོད་རྟེན་དང་འཇོར་སྤ་ཊི་ས་འགོ་ལས་ཁུངས་ཀྱི་ལས་དྲུང་། སྦེལ་ཀོབ་བདེ་སླར་ས་འགོ་ལས་ཁུངས་ཀྱི་ལས་དྲུང་། ཀོ་ལི་གྷལ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་། འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་གཞོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས་ཀྱིས་ཞབས་འདེགས་ཞུ་མུས།



