འདེམས་བསྐོ་ལྷན་ཚོགས།

ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ལས་དོན་འགན་དབང་ཡོད་པའི་འདེམས་བསྐོ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་མི་གཉིས་བཅས་ཡོད། འདེམས་བསྐོའི་ལས་དོན་ཐོག་དགོས་གལ་ནམ་བྱུང་སྐབས་ལྷན་ཚོགས་བསྐྱང་དགོས་ཐོག་རྣམ་ཀུན་ཟླ་རེའི་ནང་ལྷན་འཛོམས་ཐེངས་རེ་ངེས་པར་གནང་དགོས།

ཚོགས་གཙོ་མཆོག་དང་། ཚོགས་མི་རྣམ་པ་འདེམས་བསྐོ་བྱ་ལུགས་ནི། ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་། ཚོགས་མིིར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། གལ་ཏེ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་། ཚོགས་མི་སུ་རུང་གྲོས་ཚོགས་མ་ཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ་གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས། ཚོགས་གཙོ་དང་ཚོགས་མི་རྣམས་ཀྱི་ཡུན་ཚད་ལོ་ལྔའམ་རང་ལོ་དྲུག་བཅུ་རེ་ལྔ་གང་སྔའི་བར་ཡིན།