ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་བོད་མི་སྒྲིག་འཛུགས་ཀྱི་འཇོན་རྩལ་སྒྲོམ་གཞིར་བསྐྱར་ཞིབ་གཏན་འབེབས་དང་། ལག་བསྟར་ཞུ་ཕྱོགས་ཐོག་ཟབ་སྦྱོང་གནང་བ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༠ དང་ ༡༡ ཉིན་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཀྱི་འཇོན་རྩལ་སྒྲོམ་གཞིར་བསྐྱར་ཞིབ་གཏན་འབེབས་དང་། ལག་བསྟར་ཞུ་ཕྱོགས་ཐོག་ཉིན་གཉིས་རིང་ཟབ་སྦྱོང་གནང་ཡོད། ད་རེས་ཀྱི་ཟབ་སྦྱོང་ནང་བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་ཟབ་སྦྱོང་འབྲེལ་མཐུད་པ་ཁྱོན་མི་གྲངས་ ༡༥ མཉམ་བཞུགས་གནང་ཡོད། སྐབས་དེར་དབུ་འབྱེད་མཛད་སྒོའི་ཐོག་འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་ནས་འཇོན་རྩལ་གལ་ཆེ་ཡིན་པ་དང་། འཇོན་རྩལ་ཡོད་ན་ཡིད་ཆེས་དང་བློ་གཏད་སྐྱེ་ཐུབ། འཇོན་རྩལ་ཡོད་ན་ལས་དོན་གང་ཡིན་ཡང་ནོར་འཕྲུལ་ཉུང་བ་དང་ལེགས་པ་བྱེད་ཐུབ་པ་མ་ཟད། སྤུས་ཚད་ལྡན་པ་ཡོང་བར་ཕན་ཐོགས་ཆེ་སྐོར་དང་། ཡང་ཁོང་གིས་འཇོན་རྩལ་ཡོད་ན་གདེང་སྤོབས་སྐྱེ་ཐུབ་པ་་དང་། འཇོན་རྩལ་མེད་པའི་གདེང་སྤོབས་ནི་ཉེན་ཁ་ཆེ། དང་ཐོག་འཇོན་རྩལ་ཚད་ལྡན་དགོས་པ་དང་། དེའི་ཐོག་གདེང་སྤོབས་ཡོད་ཚེ། ལས་འབོར་ཆེ་ཞིང་སྤུས་ཚད་ལྡན་པ་བསྐྲུན་ཐུབ་སྐོར་བཅས་གསུངས། ཁོང་གིས་མུ་མཐུད་ཟབ་སྦྱོང་བ་རྣམས་ཀྱི་མཉམ་ཞུགས་གང་མང་གནང་དགོས་པ་དང་རང་ཉིད་ཀྱི་བསམ་ཚུལ་རྣམས་མཉམ་སྤུང་དགོས་པ་སོགས་གསུངས། དེ་ནས་མུ་མཐུད་ཉིན་གཉིས་རིང་ཟབ་སྦྱོང་གི་ཁྱད་ལས་པ་ཝེ་ཝེག་ལགས་ནས་འཇོན་རྩལ་སྒྲོམ་གཞིའི་ཡིག་ཆ་བསྐྱར་ཞིབ་དང་། ཟབ་སྦྱོང་བ་རྣམས་ནས་མཉམ་ཞུགས་གང་ལེགས་གནང་བ་དང་རང་ཉིད་ཀྱི་བསམ་ཚུལ་སོགས་མཉམ་སྤུངས་གནང་ཡོད། མཇུག་སྡོམ་གྱི་གསུང་བཤད་སྐབས་འདེམས་ལྷན་དྲུང་ཆེ་བསྟན་འཛིན་ལེགས་གྲུབ་ལགས་ནས་ཟབ་སྦྱོང་བ་རྣམས་ཀྱིས་མཉམ་ཞུགས་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་ཡིག་ཆ་དེའི་ཐོག་གསལ་བཤད་སོགས་ཀྱི་ཕྱག་རོགས་དགོས་ན་ལས་བྱེད་འདེམས་ལྷན་ཟབ་སྦྱོང་འབྲེལ་མཐུད་པ་རྒྱུད་འབྲེལ་བ་གནང་རོགས་ཞེས་གསུངས་གནང་ཡོད། ཁོང་གི་ཟབ་སྦྱོང་བ་རྣམས་ལ་ཡིག་ཆ་མུ་མཐུད་བསྐྱར་ཞིབ་བྱེད་པ་དང་རང་ཉིད་ཀྱི་སབྲེལ་ཡོད་ལས་ཁུངས་ཁག་གི་ལས་བྱེད་པ་རྣམས་ལ་རྒྱུད་བསྐུར་ཡོང་བའི་རེ་སྐུལ་དང་། ལག་བསྟར་ལ་རོགས་རམ་ཆེད་བསམ་འཆར་འཕར་མ་འབུལ་གནང་ཡོང་བའི་རེ་སྐུལ་ཞུས་གནང་སྟེ་ཟབ་སྦྱོང་མཇུག་སྒྲིལ་ལེགས་པར་གྲུབ།
ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་བོད་མི་སྒྲིག་འཛུགས་ཀྱི་འཇོན་རྩལ་སྒྲོམ་གཞིར་བསྐྱར་ཞིབ་གཏན་འབེབས་དང་། ལག་བསྟར་ཞུ་ཕྱོགས་ཐོག་ཟབ་སྦྱོང་གནང་བ།
RELATED POST
No results found.
བཀའ་སློབ་སྙིང་གི་ནོར་བུ།
Community Awareness Program

