བགྲེས་ཡོལ་སྔ་བསྣུར།

ལས་བྱེད་ཞབས་ལོ་ ༢༠ ཧྲིལ་པོ་ལོན་པ་རྣམས་རང་ལོ་མ་ལོན་ཡང་རང་མོས་ཀྱིས་བགྲེས་ཡོལ་སྔ་སྣུར་ཞུ་སྤྲོད་ཆོག འདི་རིགས་ཟླ་གསུམ་སྔོན་འབྲེལ་ཡོད་ལས་ཁུངས་ཀྱི་རྒྱབ་གཉེར་དང་སྦྲགས་བཀའ་ཤག་བརྒྱུད་ལས་བྱེད་འདེམས་ལྷན་ལ་སྙན་གསན་ཞུ་དགོས། སྔོན་བརྡའི་ཉིན་གྲངས་ཇི་ཙམ་མ་འདང་བ་དེའི་དོད་སྐབས་དེའི་སྒང་ཕོགས་ཀྱི་དངུལ་འབབ་འབུལ་དགོས། འོན་ཀྱང་ལས་བྱེད་གང་ཞིག་གཞུང་འབྲེལ་མཛད་གཙོའི་ལས་འགན་གང་རུང་དུ་འདེམས་བསྐོ་བྱུང་རིགས་དང་། བགྲེས་ཡོལ་ཕར་འགྱངས་སུ་རུང་ནས་དུས་ཚེས་མ་ཚང་གོང་ལས་དོན་མཚམས་འཇོག་ཞུ་དགོས་རིགས་ལ་དོན་ཚན་འདི་ཁྱབ་དགོས་མེད།